དམིགས་ཡུལ།

གླེང་བརྗོད།

༄༅། །མལ་གྲོ་གུང་དཀར་སྐྱིད་སྡུག་འདི་ཉིད་གསར་འཛུགས་དགོས་པའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་སོགས་རགས་ཙམ་གླེང་བ།

   དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ཁྱབ་ཁོངས་མལ་གྲོ་གུང་དཀར་རྫོང་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ཤར་ཕྱོགས་ཀྱི་སྤྱི་ལེ་༦༨སར་ཆགས་ཤིང་།གནས་དེར་ཆགས་པའི་རྒྱ་མ་ཁྲི་ཁང་གི་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་བོད་ཀྱི་རྒྱལ་ཐོག་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་མཆོག་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང་ཡུམ་འབྲི་བཟའ་ཐོད་དཀར་ཚེ་སྤོང་གཉིས་ཀྱི་སྲས་སུ་ཕྱི་ལོ་༦༡༧ལོར་སྐུ་འཁྲུངས།

  སྤྱིར་ཁོང་གི་མཛད་རྗེས་ནི་བརྗོད་ཀྱིས་མི་ལངས་ཀྱང་འདིར་དགོས་པའི་དབང་གིས་རོབ་ཙམ་ཞུས་ན།ཁོང་སྐུ་ན་ཕྲ་བའི་སྐབས་སུ་ཡབ་ཀྱི་སྐུ་སྲོག་ཀྱང་བོད་ཁམས་གཅིག་ཏུ་བསྒྲིལ་བའི་ཆེད་དུ་ཤོར་བ་མཁྱེན་བཞིན་དུ་འཇིགས་ཞུམ་སྤུ་ཙམ་མེད་པར་བོད་ཁམས་ཡོངས་རྫོགས་མངའ་འོག་ཏུ་བསྡུས་ཤིང་བོད་ཀྱི་ཆབ་དཔལ་རིག་གསུམ་འཕེལ་རྒྱས་ཐད་ཁོང་ལས་ལྷག་པའི་མཛད་རྗེས་དང་དཔའ་མཛངས་རྟུལ་ཕོད་ཅན་གྱི་རྒྱལ་པོ་ཞིག་ད་བར་དུ་བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བ་ལྟ་བུ་ཡིན།

   མལ་གྲོ་གུང་དཀར་དུ་སྔ་ནས་ད་བར་དུ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་བསམ་གྱིས་མི་ཁྱབ་པའི་བླ་མ་སྤྲུལ་སྐུ་སྐྱེས་ཆེན་དམ་པ་དུ་མས་སྐུ་སྐྱེའི་མཚན་དཔེ་རབ་ཏུ་བཞད་མྱོང་ལ། རིས་སུ་མ་ཆད་པའི་ཆོས་རྒྱུད་ཁག་གི་བསླབ་པ་སློབ་གཉེར་གྱི་བསྟི་གནས་མང་དག་ཅིག་ཀྱང་གནས་འདིར་དངོས་སུ་མཇལ་རྒྱུ་ཡོད།  དེ་བཞིན་ཆོས་རྒྱལ་རིམ་བྱོན་གྱི་སྐུ་དུས་སུ་མཛད་རྗེས་ཅན་གྱི་མཛངས་བློན་དུ་མ་བྱོན་མྱོང་ཡོད་ཅིང་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་པར་རྒྱལ་བ་དབུ་བརྙེས་པ་ནས་བོད་དུ་དུས་འགྱུར་མ་བྱུང་བར་ངེད་མལ་གྲོ་གུང་དཀར་གྱི་ཕ་མེས་ཡང་མེས་རྣམ་པས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་དབུ་འོག་དཔུང་འདེགས་ཞུས་ཏེ་བོད་ཀྱི་ལོ་རྒྱུས་ནང་ངོ་གནོང་མི་དགོས་པའི་མཛད་རྗེས་ཀྱི་ཟིན་ཐོ་འཇོག་གནང་མཛད་ཡོད།

   ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གུང་ཁྲན་གྱིས་བོད་རྒྱལ་ཁབ་ཀྱི་སྲིད་དབང་ཡོངས་རྫོགས་བཙན་འཕྲོག་བྱས་ཏེ་བོད་གངས་ཅན་གྱི་ལྗོངས་སུ་སྔར་བྱུང་མྱོང་མེད་པའི་ཆབ་སྲིད་ཀྱི་གཡོ་འགུལ་འཇིགས་སུ་རུང་བ་ཞིག་བཏང་བར་བརྟེན། འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རིགས་བསྟན་སྲིད་དང་བཅས་པའི་བདེ་རྩར་དགོངས་ཏེ་སྐུ་ངལ་དུ་མ་ཁྱད་བསད་མཛད་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་རྗེས་རང་རེའི་ཡུལ་ལུང་གཅིག་པ་མི་ཉུང་བ་ཞིག་ཀྱང་༸མགོན་པོ་གང་ཉིད་ཀྱི་ཞབས་རྗེས་སུ་བསྙེགས་ཏེ་བཙན་བྱོལ་གྱི་འཚོ་བར་ལོ་ཟླ་རྒྱུན་སྲིང་གནང་སྟེ་སློབ་གཉེར་གྱི་བསྟི་གནས་གདན་ས་ཁག་དང་། བཤད་གྲྭ །སྒྲུབ་གྲྭ་སོགས་རིས་མེད་ཆོས་སྡེ་ཁག་ནས་བསླབ་པ་མཐར་སོན་གནང་སྟེ་བསྟན་འགྲོའི་བྱ་གཞག་རླབས་ཆེན་མཛད་བཞིན་པའི་རབ་བྱུང་ཕོ་མོ་མི་ཉུང་བ་ཞིག་ཡོད་དང་ཡོད་མུས་དང་། མཐོ་རིམ་སློབ་ཆེན་ཁག་ནས་སློབ་ཐོན་བྱུང་བ་མང་པོས་རང་རེའི་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན་པ་ཀུན་གྱིས་མིག་མཐོང་ལག་ཟིན་དུ་གྱུར་ཡོད།

   རྒྱ་དམར་གུང་ཁྲན་གྱིས་བོད་ས་ཡོངས་རྫོགས་ཁྲིམས་འགལ་གྱིས་བཙན་འཕྲོག་བྱས་པ་ནས་བཟུང་བོད་མི་རྣམས་འ་ཆད་འུ་ཐུག་གི་གནས་སུ་གྱུར་ཏེ་རྒྱལ་ས་ལྷ་སས་གཙོས་བོད་ཀྱི་ས་ཁུལ་མང་པོར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་རབ་དང་རིམ་པ་བྱུང་བའི་བརྒྱུད་རིམ་ཁྲོད་མལ་གྲོ་གུང་དཀར་གྱི་སེར་སྐྱ་ཕོ་མོ་མང་པོས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་ཇི་བྱས་ཉེ་རབས་ཀྱི་ལོ་རྒྱུས་དང་ཁུངས་ལྡན་ཡིག་ཆ་མང་པོར་མཇལ་རྒྱུ་ཡོད་པས་རིག་གཞུང་སྤྱི་དང་མི་རིགས་ཀྱི་ལ་རྒྱ། ཆབ་སྲིད་ཀྱི་དཀའ་སྡུག་འོག་སྐུ་ངལ་ཚད་མེད་བསྐྱོན་པར་ཡི་རང་བསྔགས་བརྗོད་དང་རྗེས་དྲན་ཞུ་ཡུལ་དུ་གྱུར་ཡོད།

   བཙན་བྱོལ་སྤྱི་ཚོགས་ནང་ལོ་ངོ་བཅུ་ཕྲག་མང་པོའི་གོང་ནས་ཡུལ་ལུང་གཞན་གྱི་སྐྱིད་སྡུག་མང་པོ་བཙུགས་ཟིན་ཡང་། དེ་སྔོན་ངེད་མལ་གྲོ་གུང་དཀར་གྱི་སྐྱིད་སྡུག་ཟེར་བ་ཞིག་འཛུགས་རྒྱུར་དགོས་གལ་ཆེ་བ་མ་མཐོང་ཡང་ད་ཆ་མང་གཙོའི་ཁེ་དབང་དང་། དུས་ཀྱི་འཕོ་འགྱུར། ལོ་རྒྱུས་ཀྱི་དཀྱོག་མཚམས། སྤྱི་ཚོགས་ཀྱི་འགྱུར་འགྲོས་སོགས་མདོར་ན་འཕྲལ་ཕུགས་རྒྱང་གསུམ་གྱི་དགོས་མཁོར་དམིགས་ཏེ། ༸མགོན་པོ་གང་ཉིད་ཀྱི་བླ་ན་མེད་པའི་བཀའ་སློབ་ལམ་སྟོན་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་གང་ཡིན་ལ་སྔར་ལས་ལྷག་པའི་ཤར་བསྐྱོད་ཐུབ་ཐབས་དང་། བཙན་བྱོལ་དུ་གནས་པའི་ཡུལ་ལུང་གཅིག་པ་དཀའ་ངལ་ཅན་དང་ནད་པ། སློབ་ཕྲུག་སོགས་ལ་གང་ཐུབ་རོགས་རམ་དང་སྐྱིད་སྡུག་མཉམ་མྱོང་ཞུ་ཆེད། ཡུལ་ལུང་གཅིག་པ་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་༼མལ་གྲོ་གུང་དཀར་སྐྱིད་སྡུག་༽ འདི་ཉིད་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ སྟེ་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་སྐལ་བཟང་དགའ་སྟོན་ཉིན་མོར་དངོས་སུ་གསར་བཙུགས་ཞུས་པ་ཡིན།།