རྒྱ་ནག་གི་བཙོན་འོག་ཏུ་མི་ལོ་བཅོ་ལྔ་ལྷག་བཙོན་འཇུག་མནར་གཅོད་མྱོང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཐུབ་བསྟན་ཡེ་ཤེས་ལགས་འདས་གྲོངས།

༄༅། ། རྒྱ་ནག་གི་བཙོན་འོག་ཏུ་མི་ལོ་བཅོ་ལྔ་ལྷག་བཙོན་འཇུག་མནར་གཅོད་མྱོང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཐུབ་བསྟན་ཡེ་ཤེས་ལགས་འགྲིམ་འགྲུལ་གྱི་དོན་རྐྱེན་ཞིག་གི་འོག་བོད་ཀྱི་རྒྱལ་ས་ལྷ་སར་ཟླ་བ་ ༩ ཚེས་ ༢༨ ཉིན་ཞོགས་པ་ཕྱག་ཚོད་ ༨ པ་ཙམ་ལ་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་འདུག

དམ་པ་ཁོང་ནི་ཕྱི་ལོ་ ༡༩༥༣ ལོར་མལ་གྲོ་གུང་དཀར་རྫོང་ཁོངས་རྒྱ་མ་མདའ་ཤར་ལ་འཁྲུངས་ཤིང་། རང་ལོ་བརྒྱད་ནས་བཅུ་བཞི་བར་སློབ་ཆུང་འགྲིམས། དེ་རྗེས་ནང་དུ་ཞིང་ལས་བྱས་ནས་བསྡད། ཕྱི་ལོ་ ༡༩༩༢ ཟླ་བ་ ༦ ཚེས་ ༣༠ ཉིན་མལ་གྲོ་རྒྱ་མ་གྲོང་ཚོར་མི་མང་ཉིས་སྟོང་བརྒྱ་ལྷག་ལ་ལས་དོན་ཚོགས་ཆུང་ཟེར་བས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཕྱོགས་བསྡོམས་དང་ལས་བྱེད་འདེམས་བསྐོའི་ཚོགས་ཆེན་ཟེར་བ་འགོ་བཙུགས་པ་དང་བསྟུན། ཐུབ་བསྟན་ཡེ་ཤེས་ལགས་ནས་འགོ་ཁྲིད་པའི་ཁོང་གི་རོགས་པ་བཞི་བཅས་ཁྱོན་མི་ལྔས་ཚོགས་ཆེན་དུ་བསྐྱོད་དེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ནས། བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན། རྒྱ་དམར་བོད་ནས་ཕྱིར་ཐོན་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག གཏེར་ཁ་སྔོག་འདོན་མཚམས་འཇོག་དགོས་པ་སོགས་ཀྱི་འབོད་སྒྲ་བསྒྲགས་པར་བརྟེན་ཁོང་རྣམས་འཛིན་བཟུང་བྱས་ཏེ། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་མི་གཉིས་ལ་ལོ་ངོ་བཅུ་གསུམ་གྱི་ཁྲིམས་ཐག་བཅད་པ་དང་། དེ་བཞིན་ཐུབ་བསྟན་ཡེ་ཤེས་ལགས་དང་གཞན་གཉིས་ལ་བཙོན་བཅུག་མི་ལོ་བཅོ་ལྔའི་ཁྲིམས་བཅད་ཀྱིས་དང་ཐོག་གྲྭ་བཞི་བཙོན་ཁང་དུ་ཕྱི་ལོ་ ༢༠༠༥ བར་བཙོན་བཅུག་བྱས་པ་དང་། དེ་རྗེས་ཆབ་སྲིད་དང་འབྲེལ་བའི་བཙོན་པ་ཆ་ཚང་ཆུ་ཤུར་འམ་སྙེ་ཐང་སྒྲོལ་མ་ལྷ་ཁང་གི་ཁ་སྤྲོད་དུ་ཆགས་པའི་གཙང་ཆུའི་འགྲམ་དེར་བཙོན་ཁང་གསར་པ་ཞིག་རྒྱབ་ཡོད་པ་དེའི་ནང་ལོ་ངོ་གཉིས་ཙམ་བཙོན་འཇུག་བྱས་མཐར། ཕྱི་ལོ་ ༢༠༠༧ ཟླ་ ༦ པའི་ནང་ཁོང་བཙོན་ནས་གློད་གྲོལ་བཏང་ཡོད་ཀྱང་། ཕ་ཡུལ་དུ་སྡོད་རིང་ད་བར་རྒྱ་ནག་གི་སྣོན་ཤུགས་འོག་སྡོད་དགོས་པ་བྱུང་ཡོད།

དམ་པ་ཁོང་གི་ཤུལ་ལུས་ནང་མི་ལ་གདུང་སེམས་མཉམ་བསྐྱེད་དང་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་འཛིན་པའི་ཐུགས་སྨོན་སྐྱབས་འཇུག་ཞུ། །